Resources
Audio BibleBhutanBible PortionsBuddhismCentral TibetChildrenChristian BodyChristian TeachingChristmasChurch HistoryCounsellingCovid-19DanceDevotionDictionariesDiscipleshipEthnic CorridorEvangelizationFaithFeaturedFull BibleFuneral and DeathGlobal Prayer DayHealth WorkJesus ChristJoin The DanceLanguage TheoryLinguisticsMission StoriesMusicNepalNewPastoral CarePersonal DevelopmentPicturalPoetryPostersPrayerSalvationSalvation HistoryScriptureScripture BasedSharing and OutreachSocial DevelopmentSongbooksStory Telling and StoriesTestimonyThankasTheologyTibetan Buddhist WorldWorship
Amdo TibetanBhutaneseCentral TibetanChineseDechen (S Kham)Dege (E Kham)Dzongka Roman ScriptDzongkhaEnglishInner MongolianInstrumentalKham TibetanLhomiMongolianNepaliSherpaSikkimeseSpanishThaiTibetanTibetan Roman ScriptTshangla
-
Rewa Hope Part 3 – The Choice
2012
-
Rewa Hope Part 2 – The Creation
2012
-
Rewa Hope Part 1 – Introduction
2012
-
༄༅།། ལོ་མང་པོ་སོང་རྗེས་ཡ་ཀོབ་རང་ཉིད་ཀྱི་ཕ་ཡུལ་དུ་ཚུར་ལོག དཀོན་མཆོག་གིས་ཁོ་ལ་རྒྱུ་ནོར་ཧ་ཅང་མང་པོ་ལོངས་སྤྱོད་དུ་སྦྱིན་ཡོད། ཁོས་གཉེན་སྒྲིག་བྱས་པ་དང༌། བུ་ཕྲུག་མང་པོ་སྐྱེས་པ། ཉིན་ཞིག་ལ་ཁོས་ཨེ་སབ་ཉེ་འགྲམ་དུ་ཡོད་པ་ཐོས་པ་དང༌། ད་དུང་མི་དང་རྟ་མང་པོ་ཡོད་པའང་ཤེས་རྟོགས་བྱུང་བས། ཡ་ཀོབ་ཀྱིས་རང་ཉིད་ཀྱི་ཁྱིམ་མིའི་བདེ་འཇགས་ལ་གནོད་པའི་སེམས་ཁྲལ་བྱུང་བས་དཀོན་མཆོག་ལ། བླ་ན་མེད་པའི་དཀོན་མཆོག་ལགས། ཁྱེད་ཀྱིས་ང་སྲུང་སྐྱོབ་གནང་ཆོག་ཅེས་གསུངས་མྱོང་ཡོད། ཨེ་སབ་ཀྱིས་ང་ཚོ་གསོད་ཡོང་སྙམ་པའི་དངངས་སྐྲག་ཆེན་པོ་འདུག་པས། ཁྱེད་ཀྱིས་ང་ཚོ་སྲུང་སྐྱོབ་གནང་རོགས་ཞེས་གསོལ་བ་བཏབ། ཡ་ཀོབ་ཀྱིས་ཕྱུགས་ཟོག་མང་པོ་གྲ་སྒྲིག་བྱས་ཏེ་ཨེ་སབ་ལ་དམིགས་བསལ་གྱི་སྐྱེས་འབུལ་ཞུས་པ་དང༌། ཡ་ཀོབ་ཀྱི་སེམས་ནང་འདི་ལྟར་བསམས། ཨེ་སབ་ཀྱིས་འབུལ་རྟེན་དེ་དག་མཐོང་དུས་ཕལ་ཆེར་རང་ཉིད་ལ་བཟོད་གསོལ་བྱེད་ཀྱི་རེད་ཅེས་སྙམ། ཉིན་དེའི་དགོང་མོ་ཡ་ཀོབ་ཀྱིས་སླར་ཡང་གསོལ་བ་བཏབ། དེའི་ཚེ་མི་ཞིག་སླེབས་ཡོང་སྟེ་ཡ་ཀོབ་དང་ནམ་མ་ལངས་བར་ཤེད་རྩལ་འགྲན། ཡ་ཀོབ་ཀྱི་རྐང་པ་འཆུས་ཀྱང་མུ་མཐུད་དུ་འཐབ་འཛིང་བྱས། ཡ་ཀོབ་ཀྱིས། ཁྱེད་ཀྱིས་ང་ལ་བྱིན་རླབས་མ་གནང་བར་དུ་ངས་ཁྱེད་འགྲོ་མི་འཇུག་ཅེས་སྨྲས། མི་དེས་ཡ་ཀོབ་ལ། ད་ནས་བཟུང་ཁྱོད་ཀྱི་མིང་དེ་ཡ་ཀོབ་ནས་ཡེས་ར་ཨེལ་ཞེས་པར་བསྒྱུར་དགོས་ཏེ། ཅི་རེད་ཟེར་ན་ཁྱོད་ནི་དཀོན་མཆོག་དང་མི་རྣམས་ལ་ཤེད་རྩལ་འགྲན་ནས་རྣམ་པ་རྒྱལ་ཞེས་སྨྲས། དེ་རྗེས་ཡ་ཀོབ་དང་ཨེ་སབ་གཉིས་ངོས་མཇལ་བྱུང་ཞིང༌། ཁོས་ཨེ་སབ་ལ་མགོ་བོ་བསྒུར། ཨེ་སབ་རང་ཉིད་ཀྱི་གཅུང་པོ་ལ་བཟོད་གསོལ་བྱས་ཤིང༌། ཁོ་ཡ་ཀོབ་ཀྱི་མདུན་དུ་སོང་སྟེ་འགྲམ་པ་སྦྱར། གཅེན་གཅུང་གཉིས་ཀའི་མིག་ནས་མཆི་མ་ལྷུང་ཞིང༌། ཕན་ཚུན་ངོ་འཕྲད་བྱུང་བའི་དགའ་སྤྲོ་ཚད་མེད་སྐྱེས་སོ།། ༡ ཡ་ཀོབ་ཀྱིས་སུ་དང་ཤེད་རྩལ་འགྲན། ༢ ཡ་ཀོབ་ཀྱི་མིང་ལ་ཡེས་ར་ཨེལ་ཞེས་སྒྱུར་དགོས་དོན་ཅི་ཡིན།
Jacob’s Fight at Night
-
༄༅།། ཨེ་སབ་ཡ་ཀོབ་ཀྱིས་རང་ཉིད་ཀྱི་བྱིན་རླབས་གཡོ་ལེན་བྱས་པར་ཁོང་ཁྲོ་ཆེན་པོ་ལངས། རིབ་ཀཱ་ཡིས་ཡ་ཀོབ་ལ། ཨེ་སབ་ཀྱིས་ཁྱོད་རང་མ་བསད་གོང་ས་ཆ་འདི་དང་ཁ་བྲལ་ནས་སོང༌། ཁྱོད་རང་གི་སྤོ་བོའི་ཕ་ཡུལ་དུ་ཕྱིར་ལོག་ནས་གནས་སྐབས་ཤིག་སྡོད་ཅེས་བསླབ་བྱ་བྱས། དེ་ནས་ཡ་ཀོབ་ཀྱིས་ཐག་རིང་གི་རྒྱང་སྐྱོད་བྱེད་འགོ་བཙུགས། ཉིན་ཞིག་གི་དགོང་མོ་ཁོས་རྡོ་ཆེན་པོ་ཞིག་བླངས་ཏེ་མགོ་སྔས་བྱས་ནས་ཉལ། རྨི་ལམ་ནང་དུ་དཀོན་མཆོག་གི་ཞིང་ཁམས་སུ་ཐུག་པའི་སྐས་ཤིག་ཡོད་པ་དང༌། ཕོ་ཉ་རྣམས་སྐས་ཐོག་ནས་ཡར་འགྲོ་མར་བབ་བྱེད་བཞིན་ཡོད་པ་མཐོང༌། དཀོན་མཆོག་སྐས་ཀྱི་རྩེ་མོ་ལ་བཞེངས་ཏེ། ངས་ད་ལྟ་ཁྱོད་རང་གནས་སའི་ས་ཆ་ཁྱོད་ལ་སྦྱིན་ཆོག ཁྱོད་གང་དུ་སོང་ན་ཡང་ངས་ཁྱོད་སྲུང་སྐྱོབ་བྱེད་ཅེས་གསུངས། ཡ་ཀོབ་གཉིད་སད་དེ་དངོས་གནས་དཀོན་མཆོག་འདི་ན་བཞུགས་འདུག་ཅེས་སྨྲས། ཁོས་ས་ཆ་དེ་ལ་པེ་ཐེལ་ཏེ་དཀོན་མཆོག་གི་བཞུགས་གནས་ཞེས་བཏགས་སོ།། ༡ ཡ་ཀོབ་ས་ཆ་དེ་དང་ཁ་བྲལ་དགོས་བྱུང་བའི་རྒྱུ་མཚན་གང་ཡིན། ༢ རྨི་ལམ་དུ་དཀོན་མཆོག་གིས་ཡ་ཀོབ་ལ་ཅི་ཞིག་གསུངས་པ་རེད།
Jacob’s Dream
-
༄༅།། ཨབ་ར་ཧམ་ཚེ་ལས་འདས་རྗེས། ཁོང་གི་ཕྲུ་གུ་ཨི་སཱག་གིས་ཁོང་ལ་དབང་བའི་ཁང་པ་དང༌། ར་ལུག ཕྱུགས་ཟོག རྔ་མོང༌། ཞབས་ཕྱི་སོགས་རྒྱུད་འཛིན་བྱས། སྐབས་དེར་ཨི་སཱག་དང་རིབ་ཀཱ་གཉིས་ལ་ཕྲུ་གུ་མཚེ་མ་ཞིག་སྐྱེས། བུ་ཆེ་བ་ལ་ཨེ་སབ་དང༌། ཆུང་བ་ལ་ཡ་ཀོབ་ཅེས་ཟེར། ཨེ་སབ་ལ་དཀོན་མཆོག་གི་གནང་སྦྱིན་ཆེན་པོ་ཐོབ་རྒྱུ་དང་ཡབ་ཀྱི་བུ་ཆེ་བའི་གོ་ས་ཐོབ་རྒྱུ་ཡིན་པ། ཉིན་ཞིག་ཨེ་སབ་རྔོན་རྒྱག་ཏུ་ཕྱིན་ནས་ཕྱིར་ལོག་སྐབས་ཡ་ཀོབ་ཀྱིས་སྲན་མའི་ཁུ་བ་སྐོལ་བཞིན་ཡོད། ཨེ་སབ་ཀྱིས། ཨོའོ། སྲན་མའི་ཁུ་བ་འདི་དྲི་ཞིམ་པ་ལ། ང་གྲོད་པ་ཧ་ཅང་ལྟོགས་པས། ཅུང་ཙམ་བཏུང་ན་འགྲིག་གམ་ཞེས་དྲིས། ཡ་ཀོབ་ཀྱིས་གཡོ་འཕྲུལ་ངང༌། འགྲིག་དང་འགྲིག འོན་ཀྱང་ཁྱོད་ཀྱིས་རྒྱུད་འཛིན་བྱ་བའི་ཡབ་ཀྱི་དབང་ཆ་དང་རྒྱུ་ནོར་དེ་དག་ང་ལ་འཚོང་དགོས་ཞེས་བཤད། ཨེ་སབ་ཀྱིས་དཀོན་མཆོག་གིས་ཁོ་ལ་གནང་བ་དེ་གཅེས་འཛིན་མ་བྱས་པར་སྲན་མའི་ཁུ་བ་ཕོར་པ་གང་དང་འབྱུང་འགྱུར་གྱི་རྒྱུ་ནོར་བརྗེ་རེས་བྱས། ཨི་སཱག་ལོ་ན་རྒས་ཤིང༌། མིག་གིས་ཀྱང་མི་མཐོང་བར་གྱུར། ཁོས་ཨེ་སབ་བོས་ཏེ། ང་ཚེ་ལས་མ་འདས་གོང་བླ་ན་མེད་པའི་དཀོན་མཆོག་གི་བྱིན་རླབས་ངས་ཁྱོད་ལ་སྟེར་གྱི་ཡིན། མགྱོགས་པ་རི་དྭགས་ཁ་ཤས་རྔོན་རྒྱག་སྟེ་བྲོ་བ་ཞིམ་པོའི་དགོང་ཟས་ཡག་པོ་ཞིག་བཟོས་ཤིག བཟའ་མ་བཟས་ཚར་རྗེས་ངས་སྨོན་ལམ་རྒྱག་ཆོག་ཅེས་བཤད། རིབ་ཀཱ་ཡིས་ཨི་སཱག་གིས་བཤད་པའི་སྐད་ཆ་ཐོས་རྗེས། ཁོ་མོས་ཡ་ཀོབ་གང་འདྲ་བྱས་ཏེ་ཨེ་སབ་ལ་སྤྲོད་རྩིས་ཡོད་པའི་བྱིན་རླབས་དེ་རག་ཐབས་བྱས། ཨི་སཱག་གི་མིག་གིས་མི་མཐོང་བ་ལ་བརྟེན་ནས་ཡ་ཀོབ་ཀྱིས་ཨེ་སབ་ཡིན་ཁུལ་བྱས་ནས་ཨི་སཱག་གི་སྦྲ་གུར་ནང་ཕྱིན། ཨི་སཱག་གིས། ཁྱོད་ངོ་མ་ཨེ་སབ་ཡིན་ནམ་ཞེས་སྦར་མྱུལ་བྱས་པས། ཡ་ཀོབ་ཀྱིས་སྤུ་སོབ་སོབ་ཀྱི་གཅན་གཟན་གྱི་ལྤགས་པ་གྱོན་ཡོད་པས། ཡ་ཀོབ་ཀྱི་གྱོན་པའི་ལྤགས་ཚག་ཨེ་སབ་ནང་བཞིན་སྤུ་སོབ་སོབ་ཡིན་པ་རེད། དེ་ལྟར་ཡ་ཀོབ་ཀྱིས་མགོ་སྐོར་གྱི་རྣམ་པའི་ཐོག་ནས་ཡབ་ཀྱི་སྨོན་ལམ་ཐོབ་པར་བྱས་སོ།། ༡ ཨི་སཱག་ལ་བུ་ག་ཚོད་ཡོད། ཁོ་ཚོའི་མིང་གང་དང་གང༌། ༢ ཨེ་སབ་ཀྱིས་ཅི་དང་སྲན་མའི་ཁུ་བ་ཕོར་པ་གང་བརྗེ་རེས་བྱས་པ་རེད།
Jacob and Esau
-
༄༅།། ཨི་སཱག་གཉེན་སྒྲིག་བྱེད་པའི་ལོ་ཚད་ལ་སླེབས། འོན་ཀྱང་ས་གནས་དེའི་བུད་མེད་ཚང་མས་ལྷ་རྫུན་མ་ལ་དད་པ་བྱས་པས། ཨབ་ར་ཧམ་གྱིས་སེམས་ཁྲལ་ལངས། གལ་སྲིད་ཨི་སཱག་གིས་ས་གནས་དེའི་བུད་མེད་ཅིག་མནའ་མ་ལེན་རྒྱུ་བྱས་ན། རྗེས་སུ་ཁོའི་བུ་རྒྱུད་རྣམས་ཕལ་ཆེར་སྐུ་འདྲ་ལ་དད་པ་བྱེད་མཁན་འགྱུར་རྒྱུ་རེད་དྲན། ཨབ་ར་ཧམ་གྱིས་ལྷག་བསམ་དག་པའི་ཞབས་ཕྱི་ཞིག་བོས་ཏེ། ཁྱོད་ངའི་ཕ་ཡུལ་དུ་ཕྱིར་ལོག་སྟེ་ཨི་སཱག་ལ་མནའ་མ་ཞིག་བདམས་ནས་ཁྲིད་ཤོག་ཅེས་སྨྲས། ཞབས་ཕྱི་དེས་ངས་བུད་མེད་དེ་གང་འདྲ་བྱས་ཏེ་བདམ་ཐུབ་བམ་ཞེས་དྲིས་པས། ཨབ་ར་ཧམ་གྱིས། བླ་ན་མེད་པའི་དཀོན་མཆོག་གིས་ཕོ་ཉ་བཏང་སྟེ་ཁྱོད་ལ་རོགས་པ་གནང་གི་རེད་ཅེས་སྨྲས། དེ་ནས་ཞབས་ཕྱི་དེ་ཨབ་ར་ཧམ་སྔོན་སྡོད་མྱོང་བའི་གྲོང་རྡལ་དུ་ཕྱིན་པ་དང༌། ཁོ་ཁྲོན་པ་ཞིག་གི་མདུན་དུ་བསྡད་ནས་གསོལ་བ་བཏབ་སྟེ། དཀོན་མཆོག ཁྱེད་ཀྱིས་ཐུགས་མོས་ཡོད་པའི་མཛངས་མ་ཞིག་ལམ་སྟོན་གནང་བར་ཐུགས་རྗེས་གཟིགས་རོགས་ཞེས་ཞུས། སྐབས་དེར་གཞོན་ནུ་མ་ཁག་གཅིག་གྲོང་ཁྱེར་ནས་ཁྲོན་པའི་འགྲམ་དུ་ཆུ་ལེན་པར་སླེབས་པས། ཞབས་ཕྱི་དེའི་སེམས་ནང༌། ངས་གཞོན་ནུ་མ་དེ་ཚོར་ཆུ་སྟེར་རོགས་ཞེས་བཤད་སྐབས། ཨི་སཱག་གི་བཟའ་ཟླ་བྱེད་འདོད་ཡོད་པའི་བུད་མེད་དེས་ལན་རྒྱག་པ་ཤོག་ཅེས་སྨོན་ལམ་བརྒྱབ། སྐབས་དེར་རིབ་ཀཱ་ཞེས་པའི་མཛེས་སྡུག་རྣམ་པར་བཀྲ་བའི་གཞོན་ནུ་མ་ཞིག་ཁྲོན་པའི་འགྲམ་དུ་སླེབས་ཤིང༌། ཁོ་མོས་ཞབས་ཕྱི་དེ་ལ་ཆུ་སྟེར་བ་མ་ཟད། ངས་ད་དུང་ཁྱོད་ཀྱི་རྔ་མོང་ལ་ཆུ་སྟེར་གྱི་ཡིན་ཞེས་བཤད། ཞབས་ཕྱི་དེས་དཀོན་མཆོག་གིས་ཁོའི་སྨོན་ལམ་ལ་དྲི་ལན་སློག་པར་བསྟོད་པ་ཞུ་བཞིན་དུ། དཀོན་མཆོག་ནི་དངོས་གནས་བྱམས་བརྩེ་ཆེ་བ་དང་ཡིད་རྟོན་རུང་བ་ཞིག་ཡིན། རིབ་ཀཱ་ནི་ཨི་སཱག་གི་ཚེ་གྲོགས་བྱས་ན་འགྲིག་ངེས་རེད་ཅེས་བསམས་སོ།། ༡ ཨབ་ར་ཧམ་གྱིས་ཞབས་ཕྱི་ཕ་ཡུལ་ལ་མངགས་དགོས་པའི་རྒྱུ་མཚན་ཅི་ཡིན། ༢ ཨབ་ར་ཧམ་གྱི་ཞབས་ཕྱིས་དཀོན་མཆོག་ལ་སྨོན་ལམ་བརྒྱབ་པ་ལྟར་དོན་ཅི་བྱུང༌།
Isaac Gets a Wife
-
༄༅།། ཉིན་ཞིག་ལ་དཀོན་མཆོག་གིས་ཨབ་ར་ཧམ་གྱིས་རང་ཉིད་ལ་གཅེས་སེམས་ཇི་ཙམ་ཡོད་མེད་ཚོད་ལྟ་གནང་སྟེ། ཨབ་ར་ཧམ། ཁྱོད་ཀྱི་ཕྲུ་གུ་གཅིག་པུ་དེ་ང་ལ་འབུལ་དགོས། ཁྱོད་ཀྱི་བུ་ཨི་སཱག་མཆོད་སྟེགས་ཐོག་བསྡམས་ཏེ་མཆོད་པ་བྱེད་དགོས་ཞེས་གསུངས། དེ་ནི་ཨབ་ར་ཧམ་གྱི་ངོས་ནས་བཤད་ན་ཧ་ཅང་སྒྲུབ་དཀའ་བའི་བྱ་བ་ཞིག་རེད། ཅི་རེད་ཟེར་ན་ཨབ་ར་ཧམ་གྱིས་ཨི་སཱག་ལ་ཧ་ཅང་དགའ། འོན་ཀྱང་ཁོང་གིས་དཀོན་མཆོག་ལ་ཡིད་ཆེས་ཆེན་པོ་བྱས། ཉིན་གཉིས་པའི་ཞོགས་པ་སྔ་མོ་ལ། ཨབ་ར་ཧམ་གྱིས་ཨི་སཱག་ཁྲིད་ནས་རི་སྟེང་དུ་བསྐྱོད་ཅིང་མཆོད་སྟེགས་བརྩིགས། ཨི་སཱག་གིས། ཨ་ཕ་ལགས། མཆོད་འབུལ་བྱེད་པའི་ལུག་གུ་གང་ན་ཡོད་ཅེས་དྲིས་པས། ཨབ་ར་ཧམ་གྱིས་དཀོན་མཆོག་ལ་བཀོད་སྒྲིག་ཡོད་ངེས་རེད་ཅེས་ལན་བཏབ། དེ་ནས་ཨབ་ར་ཧམ་གྱིས་རང་ཉིད་ཀྱི་བུ་མཆོད་སྟེགས་ཐོག་བཞག གློ་བུར་དུ་དཀོན་མཆོག་གི་ཕོ་ཉས་སྐད་གསང་མཐོན་པོས། ཨབ་ར་ཧམ། ཨབ་ར་ཧམ། ཕྲུ་གུ་དེར་གནོད་འཚེ་མ་གཏོང་ཞིག ཁྱོད་ཀྱིས་དཀོན་མཆོག་ལ་བརྩི་བཀུར་ཞུས་པ་རེད། ད་ལྟ་ངས་ཁྱོད་རང་དཀོན་མཆོག་ལ་དགའ་ཆེ་ཤོས་ཡིན་པ་ཤེས་སོ་ཞེས་གསུངས། དེ་རྗེས་ཨབ་ར་ཧམ་གྱིས་ཕོ་ལུག་གཅིག་མཐོང་ཞིང༌། ཕོ་ལུག་གི་རྭ་ཅོ་ཤིང་སྡོང་གི་ཡལ་གར་བསྡམས་ཡོད་ཅིང༌། ཁོས་ཕོ་ལུག་དེ་རང་ཉིད་ཀྱི་བུའི་ཚབ་བྱས་ནས་མཆོད་རྫས་ཕུལ། ཨབ་ར་ཧམ་གྱིས་ས་ཆ་དེ་ལ་དཀོན་མཆོག་གིས་གནང་སྦྱིན་ཞེས་པའི་མིང་བཏགས། གང་ཡིན་ཟེར་ན། ཨབ་ར་ཧམ་གྱིས་དཀོན་མཆོག་ལ་ཡིད་ཆེས་བྱས་པ་དང༌། དཀོན་མཆོག་གིས་ཀྱང་ཁོ་ལ་བྱིན་རླབས་ཆེན་པོ་གནང་ངོ༌།། ༡ ཨབ་ར་ཧམ་གྱིས་དཀོན་མཆོག་ལ་ཡིད་ཆེས་ཡོད་དམ། ༢ མཐར་ཨབ་ར་ཧམ་གྱིས་སྲོག་ཆགས་ཅིས་དཀོན་མཆོག་ལ་མཆོད་རྫས་བྱས་པ་རེད།
Abraham and Isaac
-
༄༅།། ཨབ་རམ་གྱིས་བླ་ན་མེད་པའི་དཀོན་མཆོག་ལ་བསྙེན་བཀུར་ཞུ་བཞིན་ཡོད་ཅིང༌། ཁོའི་ཁྱིམ་མཚེས་རྣམས་ཀྱིས་ཀྱང་ལྷ་རྫུན་མ་ལ་བསྙེན་བཀུར་བྱེད་བཞིན་ཡོད། དཀོན་མཆོག་གིས་ཨབ་རམ་ལ། ཁྱོད་ས་ཆ་འདི་དང་ཁ་བྲལ་ཏེ་ས་གནས་གསར་པ་ཞིག་ཏུ་སོང་ཞིག ངས་ཁྱོད་ལ་བྱིན་རླབས་སྦྱིན་ནོ་ཞེས་གསུངས་པ་དང༌། ཨབ་རམ་གྱིས་དཀོན་མཆོག་གི་བཀའ་བཞིན་བསྒྲུབས། དེ་ནས་ཨབ་རམ་གྱིས་རང་ཉིད་ཀྱི་ལམ་ཆས་བསྡུ་གསོག་བརྒྱབ་སྟེ་ཁ་བྲལ། དཀོན་མཆོག་གིས་ཨབ་རམ་ལ་གསལ་པོར་མངོན་ཏེ། ཁྱོད་ཀྱི་མཐོང་ལམ་དུ་གྱུར་བའི་ས་གཞི་ཚང་མ་ངས་ཁྱོད་ཀྱི་ཁྱིམ་མི་ལ་སྦྱིན་ནོ་ཞེས་གསུངས་པས། ཨབ་རམ་གྱིས་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞེས་ཞུས། ཉིན་ཞིག་གི་དགོང་མོར་ཨབ་རམ་གྱི་འཆར་སྣང་དུ་དཀོན་མཆོག་གིས་ཁོ་ལ། ཁྱོད་ཀྱིས་ནམ་མཁའི་སྐར་མ་བགྲང་ནུས་སམ། ངས་ཁྱོད་ལ་བགྲང་མི་ཐུབ་པའི་བུ་རྒྱུད་མང་པོ་སྦྱིན་ཆོག་ཅེས་གསུངས་པ་ཐོས། དེ་རྗེས་དཀོན་མཆོག་གིས་ཨབ་རམ་གྱི་མིང་དེ་ཨབ་ར་ཧམ་ཞེས་བསྒྱུར། དཀོན་མཆོག་གིས་ཡང༌། ཁྱོད་རང་མི་མང་པོའི་ཡབ་བྱེད་དགོས་ཞེས་གསུངས་སོ། སྐབས་དེར་ཨབ་ར་ཧམ་དགུང་ལོ་དགུ་བཅུ་གོ་དགུ་ཡིན་པ་རེད། དཀོན་མཆོག་གིས་ཁྱོད་ཀྱི་ཆུང་མ་སཱ་ར་ལ་བུ་ཞིག་སྐྱེ་རྒྱུ་རེད་ཅེས་གསུངས་པ་དང༌། ཨབ་ར་ཧམ་གྱིས། སཱ་ར་དང་ང་གཉིས་རྒན་འཁོགས་ཆགས་ཟིན་པས། ཕྲུ་གུ་སྐྱེ་མི་ཐུབ་ཅེས་ཞུས་པས། དཀོན་མཆོག་གིས། ངས་སྒྲུབ་མི་ཐུབ་པའི་བྱ་བ་ཅི་ཞིག་ཡོད་ཅེས་གསུངས། སཱ་ར་དང་ཨབ་ར་ཧམ་གཉིས་ལ་དངོས་སུ་བུ་ཞིག་བཙས། མིང་ལ་ཨི་སཱག་ཅེས་བཏགས། དེའི་ནང་དོན་ནི་དགོད་པའི་དོན་ཡིན་ནོ།། ༡ སུས་ཨབ་རམ་ས་གནས་གསར་པ་ཞིག་ཏུ་སོང་ཞེས་བཀའ་གནང་བ་རེད། ༢ ཨབ་ར་ཧམ་གྱིས་དཀོན་མཆོག་ལ་དགའ་འམ་མི་དགའ།
God’s Promise to Abraham
-
༄༅།། སྐབས་དེར་ས་གཞི་གང་སར་མི་ངན་རུལ་ཅན་གྱིས་ཁེངས་ཤིང༌། བླ་ན་མེད་པའི་དཀོན་མཆོག་གིས་མིའི་རིགས་བཟོས་པའི་འགྱོད་སེམས་ཁེངས། ཁོང་གིས་ས་གཞི་འདིའི་ཐོག་ཏུ་ཡོད་ཚད་རྩ་མེད་བཏང་སྟེ་བསྐྱར་དུ་སྐྲུན་རྒྱུའི་དགོངས་པ་མཛད། འོན་ཀྱང་དཀོན་མཆོག་གིས་སྐབས་དེར་ཀུན་སྤྱོད་དྲང་བདེན་གྱི་མི་ཞིག་ཡོད་པ་གཟིགས་ཤིང༌། དེའི་མིང་ལ་ནོ་ཨ་བཏགས། དཀོན་མཆོག་གིས་ནོ་ཨ་ལ། ངས་ཆུ་ལོག་བཏང་ནས་ས་གཞི་སྣུབ་ཏུ་འཇུག་རྒྱུ་ཡིན། གལ་སྲིད་ཁྱོད་ཀྱིས་གྲུ་ཆེན་པོ་ཞིག་བཟོས་ན་སྲོག་སྐྱོན་ལས་ཐར་ཞེས་གསུངས། ནོ་ཨ་ཡིས་དཀོན་མཆོག་གིས་གསུངས་པ་ཇི་བཞིན་སྒྲུབ་ཅིང་རྒྱ་ཆེ་བའི་གྲུ་ཞིག་བཟོས་པ་དང༌། ཁོའི་ཁྱིམ་མི་དང་ཅ་དངོས། སྲོག་ཆགས་མང་པོ་བདེ་འཇགས་ངང་གྲུ་དེའི་ནང་དུ་བསྡད། ནོ་ཨ་ཡིས་སེང་གེ་དང༌། གླང་པོ་ཆེ། སྤྲེའུ། དོམ་སོགས་རིགས་མི་འདྲ་བའི་སྲོག་ཆགས་རྣམས་ཆ་ཆ་བྱས་ཏེ་གྲུ་གཟིངས་ཐོག་ཏུ་བསྐྱལ། མཇུག་ཏུ་དཀོན་མཆོག་གིས་གྲུ་གཟིངས་ཀྱི་སྒོ་དམ་པོར་བརྒྱབ། དེ་ནས་ཐོག་བརྒྱབ་པ་དང་འབྲུག་སྒྲ་གྲགས་ཤིང་དྲག་ཆར་བབས། ཉིན་མཚན་བཞི་བཅུ་ཧྲིལ་པོར་དྲག་ཆར་བབས་པ་དང༌། ཆུ་ལོག་རྒྱས་ནས་རི་བོའི་རྩེ་མོ་ཡང་བསྣུབས་པར་གྱུར། མཇུག་ཏུ་དཀོན་མཆོག་གིས་རླུང་ཆེན་པོ་ཞིག་བརྒྱབ་ནས་ས་གཞི་སྐམ་དུ་བཅུག གྲུ་གཟིངས་ཆེན་པོ་སྐམ་སའི་ཐོག་ལ་ལུས། ནོ་ཨ་ཡིས་གྲུ་གཟིངས་ཐོག་ནས་ཕུག་རོན་གཅིག་མངགས་པ་དང༌། ཕུག་རོན་གྱིས་སྐྱུ་རུ་ཤིང་གི་ལོ་མ་ཞིག་ཁུར་ནས་ཚུར་སླེབས་པས། ནོ་ཨ་ཡིས་ས་ངོས་ཕལ་ཆེར་སྐམ་ཚར་བར་སྙམ། ནོ་ཨ་གྲུ་གཟིངས་ནས་ཁ་བྲལ་རྗེས་མཆོད་ཁྲི་ཞིག་བཞེངས་ནས་དཀོན་མཆོག་གིས་ཁོའི་ཁྱིམ་མི་ཚང་མ་བསྐྱབས་པར་མཆོད་པ་བྱས། དཀོན་མཆོག་ཧ་ཅང་མཉེས་པོ་བྱུང་ཞིང༌། ཁོང་གིས་ནོ་ཨ་ལ་བདེ་བ་བསྩལ། ཡང་དཀོན་མཆོག་གིས། ངས་ད་ནས་བཟུང་ཆུ་ལོག་གིས་ས་གཞི་མི་བསྣུབ། ནམ་མཁའི་འཇའ་ཚོན་དེ་ངས་ཁྱོད་ལ་བཞག་པའི་དམ་བཅའ་ཡིན་ཞེས་གསུངས་སོ།། ༡ ནོ་ཨ་ཡིས་གྲུ་ཆེན་པོ་བཟོས་དོན་ཅི་ཡིན། ༢ དཀོན་མཆོག་གིས་ནོ་ཨ་དང་ཁོའི་ཁྱིམ་མི་རྣམས་སྲོག་བསྐྱབས་དགོས་དོན་ཅི་ཡིན།
Noah and the Big Flood
-
༄༅།། ཨ་དམ་དང་ཧ་ཝཱ་གཉིས་ལ་ཕྲུ་གུ་མང་པོ་སྐྱེས་ཤིང༌། བུ་ཆེ་བ་ལ་ཀ་ཡན་ཟེར་བ་དང༌། འབྲིང་བ་ལ་ཧ་པེལ་ཞེས་འབོད། ཀ་ཡན་ནི་ཞིང་པ་ཞིག་ཡིན་པ་དང༌། ཧ་པེལ་ནི་ལུག་རྫི་ཞིག་ཡིན། ཉིན་ཞིག་ལ་ཀ་ཡན་དང་ཧ་པེལ་གཉིས་མཉམ་དུ་བླ་ན་མེད་པའི་དཀོན་མཆོག་ལ་རང་རང་གི་འབུལ་རྟེན་གྱིས་མཆོད་པ་ཕུལ། ཧ་པེལ་གྱི་མཆོད་རྫས་ཡག་པོ་ཡོད་ཅིང༌། ཀ་ཡན་གྱི་མཆོད་རྫས་ལ་ལྷག་བསམ་མེད་པས། ཀ་ཡན་གྱི་མཆོད་རྫས་ལ་དཀོན་མཆོག་མ་མགུ། དཀོན་མཆོག་གིས་མཆོད་རྫས་མ་བཞེས་པར་བརྟེན་ཀ་ཡན་ཁོང་ཁྲོ་ཆེན་པོ་ལངས་ཤིང༌། ཁོས་ཧ་པེལ་གསོད་རྩིས་བྱས། དཀོན་མཆོག་གིས། ཁྱོད་ཀྱི་སེམས་ཁོང་ཁྲོས་ཁེངས་འདུག གལ་སྲིད་ཁྱོད་ཀྱིས་ཡག་པོ་བྱས་ན་ངས་ཁྱོད་ངོས་ལེན་བྱེད་ཅེས་གསུངས། འོན་ཀྱང་ཀ་ཡན་གྱིས་དཀོན་མཆོག་གི་བཀའ་ལ་མ་ཉན་པར་ཧ་པེལ་ལ་རྡུང་རྡེག་བཏང་ནས་བསད། དཀོན་མཆོག་གིས་ཁྱོད་ཀྱི་གཅུང་པོ་གང་ན་ཡོད་ཅེས་འདྲི་སྐབས། ཀ་ཡན་གྱིས་སྐད་ཤུགས་ཆེན་པོས། ངས་ཧ་མི་གོ ཁོར་ལྟ་རྟོག་བྱེད་པའི་ལས་འགན་ང་ལ་ཡོད་དམ་ཞེས་སྨྲས། དཀོན་མཆོག་གིས། ཁྱོད་ཀྱིས་རང་ཉིད་ཀྱི་གཅུང་པོ་ལ་ལས་ཅི་ཞིག་བྱས་ཡོད་པ་ངས་ཤེས། ཁྱོད་ཀྱིས་གདུག་རྩུབ་ཆེ་བའི་བྱེད་སྟངས་ལ་ངེས་པར་དུ་ཆད་པ་ཕོག་ཡོང་ཞེས་གསུངས། ཡང་དཀོན་མཆོག་གིས་ཁོ་ལ། ཀ་ཡན། ཁྱོད་ཀྱི་སེམས་ངན་རྩ་ཆེ་བས། ཁྱོད་ངེས་པར་དུ་ང་དང་ཁ་བྲལ་དགོས་ཞེས་གསུངས། དེ་ནས་ཀ་ཡན་གང་སར་འཁྱམ་དགོས་བྱུང་བ་དང༌། དཀོན་མཆོག་ཁོ་དང་མཉམ་དུ་མ་གནས་སོ།། ༡ ཀ་ཡན་གྱིས་ཅིའི་ཕྱིར་དུ་ཧ་པེལ་བསད་པ་རེད། ༢ ཀ་ཡན་ཅིའི་ཕྱིར་དུ་དཀོན་མཆོག་དང་ཁ་བྲལ་དགོས་བྱུང༌།
Cain and Abel
-
༄༅།། ཨ་དམ་དང་ཧ་ཝཱ་གཉིས་མཛེས་སྡུག་ལྡན་པའི་ལྡུམ་ར་དེའི་ནང་དགའ་མགུར་གྱི་འཚོ་བ་རོལ་ཞིང༌། ཕྱོགས་གཅིག་ནས་འཆམ་འཆམ་དུ་འགྲོ་བ་དང༌། ཕྱོགས་གཅིག་ནས་བླ་ན་མེད་པའི་དཀོན་མཆོག་དང་ཁ་བརྡ་བྱས་ཤིང༌། དཀོན་མཆོག་ནི་ཁོ་གཉིས་ཀྱི་གྲོགས་པོ་ལྟ་བུར་གྱུར། དཀོན་མཆོག་གིས་ཁོ་གཉིས་ལ། ལྡུམ་རའི་ནང་གི་ཤིང་སྡོང་གཅིག་མ་གཏོགས་དེ་མིན་གྱི་ཤིང་སྡོང་གཞན་དག་གི་ཤིང་འབྲས་བཟའ་ཆོག གལ་སྲིད་ལྡུམ་རའི་དཀྱིལ་དུ་ཡོད་པའི་ཤིང་སྡོང་དེའི་ཤིང་འབྲས་བཟས་ན་ཁྱོད་གཉིས་འཆི་བར་འགྱུར་རོ་ཞེས་བཀའ་གནང༌། ཨ་དམ་དང་ཧ་ཝཱ་གཉིས་ཀྱིས་དཀོན་མཆོག་གི་བཀའ་བཞིན་དུ་མཉན། དུས་དེར་སེ་ཏན་ཞེས་པའི་གདོན་འདྲེ་ཞིག་ཡོད་པ་དང༌། དེ་ནི་སྔོན་ཆད་དཀོན་མཆོག་གི་ཕོ་ཉ་ཞིག་ཡིན་ལ། ཕོ་ཉ་དེས་དཀོན་མཆོག་ལ་ངོ་རྒོལ་བྱས་པས་གདོན་འདྲེ་ལ་འགྱུར། ད་ལྟར་བདུད་སེ་ཏན་གྱིས་སྦྲུལ་ཞིག་བེད་སྤྱོད་བྱས་ནས་ཧ་ཝཱ་ལ་མགོ་སྐོར་གཏོང་བར་ཡོང༌། ཁོས་ཧ་ཝཱ་ལ། དཀོན་མཆོག་གིས་ཁྱོད་ལ་བྲོ་བ་ཞིམ་པོ་ཅན་གྱི་ཤིང་ཏོག་ཚང་མ་བཟའ་མི་ཆོག་ཅེས་གསུངས་མྱོང་ངམ་ཞེས་དྲིས་པ་དང༌། ཧ་ཝཱས་སྐབས་དེར་ལྡུམ་རའི་དཀྱིལ་གྱི་མཛེས་སྡུག་ལྡན་པའི་ཤིང་ཏོག་ལ་བལྟས་ནས་བསྡད། སྦྲུལ་གྱིས་ཡང༌། གལ་སྲིད་ཤིང་ཏོག་ཕྲན་བུ་ཞིག་བཟས་ན་ཁྱེད་རང་དཀོན་མཆོག་ནང་བཞིན་སྤྱང་གྲུང་འཛོམས་པ་ཞིག་ཡོང་ངེས་ཡིན་ཞིང་འཆི་བར་མི་འགྱུར་ཞེས་བཤད། ཧ་ཝཱས་བཟའ་མི་ཆོག་པའི་ཤིང་ཏོག་བཟས་པ་དང༌། ད་དུང་ཁ་ཤས་ཨ་དམ་ལ་སྤྲད་པས་ཁོས་ཀྱང་བཟས་སོ། གློ་བུར་དུ་ཁོ་གཉིས་ཀྱིས་དཀོན་མཆོག་ལྡུམ་རའི་ནང་དུ་ཕེབས་པའི་སྒྲ་ཐོས་པ་དང༌། ཁོ་གཉིས་ཀྱིས་དཀོན་མཆོག་གི་བཀའ་སློག་པས་དངངས་སྐྲག་ཆེན་པོ་སྐྱེས། དཀོན་མཆོག་གིས་ཁོ་གཉིས་གཟིགས་མི་ཐུབ་པའི་ས་ཆ་མེད། ཡིན་ན་ཡང་དཀོན་མཆོག་གིས་ཨ་དམ། ཨ་དམ། ཁྱོད་གང་དུ་ཡོད། ཁྱོད་གབ་དགོས་དོན་ཅི་ཡིན་ཞེས་གསུངས་སྐད་མཐོན་པོས་བོས། ཨ་དམ་གྱིས། ངས་ཁྱེད་ཀྱི་གསུངས་སྒྲ་ཐོས་སྐབས། ང་སྐྲག་སྣང་ཆེན་པོ་སྐྱེས་བྱུང་ཞེས་ལན་བཏབ། དཀོན་མཆོག་གིས། ཁྱོད་ཀྱིས་ངས་མ་བཟའ་ཞེས་པའི་ཤིང་ཏོག་དེ་བཟས་པ་ཡིན་ནམ་ཞེས་གསུངས། ཨ་དམ་གྱིས། བུད་མེད་ཀྱིས་ང་ལ་བཟའ་རུ་བཅུག་བྱུང་ཞེས་སྨྲས་པ་དང༌། ཧ་ཝཱ་ཡིས། དུག་སྦྲུལ་གྱིས་བཟས་ན་འགྲིག་གི་རེད་ཟེར་གྱི་འདུག་ཅེས་སྨྲས། དཀོན་མཆོག་ཐུགས་སེམས་ཤིན་ཏུ་སྐྱོ་ཞིང༌། ཅི་རེད་ཟེར་ན་ཁོ་གཉིས་ཀྱིས་ཁོང་གི་བཀའ་ལ་མ་མཉན་པ་རེད། དེ་ནས་དཀོན་མཆོག་གིས་སྦྲུལ་ལ། སྦྲུལ་ཁྱོད་ནི་ཇི་སྲིད་བར་དུ་ལྟོ་བས་འགྲོ་དགོས་ཞེས་གསུངས། ཨ་དམ་དང་ཧ་ཝཱ་གཉིས་ལ་ཡང༌། ཁྱོད་གཉིས་ཀྱིས་སྡིག་པའི་ལས་ཀ་ལས་པའི་རྐྱེན་གྱིས། ངེས་པར་དུ་ལྡུམ་ར་འདི་ནས་ཁ་བྲལ་དགོས་ཞེས་གསུངས། དཀོན་མཆོག་གིས་སྲོག་ཆགས་ཀྱི་ལྤགས་པས་ཁོ་གཉིས་ལ་གོས་མཛད་པ་དང༌། དེ་རྗེས་དགའ་སྐྱིད་ལྡན་པའི་ལྡུམ་ར་དེ་དང་ཁ་བྲལ་དགོས་བྱུང་ངོ༌།། ༡ ཨ་དམ་དང་ཧ་ཝཱ་གཉིས་དཀོན་མཆོག་ལ་གབ་དགོས་པའི་རྒྱུ་མཚན་ཅི་ཡིན། ༢ ཨ་དམ་དང་ཧ་ཝཱ་གཉིས་ཅིའི་ཕྱིར་དུ་ལྡུམ་ར་དང་ཁ་བྲལ་དགོས་བྱུང༌།
Adam and Eve in the Garden